text
stringlengths
1
22.3k
བདེན་པ་ཡང་མ་རེད།
དེ་འདྲ་སུས་བཤད་བྱུང་ངམ།
ཞེས་དྲིས་པར།
ངས་ལྕམ་ཧབི་ཤཱམ་གྱི་སར་ཡོད་པའི་བུད་མེད་མཛེས་མ་དེས་བརྗོད་བྱུང་།
ཁོ་མོའི་ཆེད་དུ་རང་ཉིད་མི་དྲག་ཅིག་བྱེད་འདོད་འདུག་བརྗོད་པས།
བྷི་ཌིས་གང་འཚམ་ཞིག་ནས་ཁྱེད་རང་མི་དྲག་བྱེད་དོན་དེ་ཁོ་མོར་གནག་གནག་གི་དོན་དུ་ཡིན་ནམ།
ཡང་ན་མགུ་བའི་ཆེད་དུ་ཡིན།
ཞེས་དྲིས་བྱུང་བར་ངས་སྐྱོ་ཉམས་དང་བཅས།
ཧ་གོ་གི་མི་འདུག་བརྗོད་པར་བྷི་ཌིས་མུ་མཐུད་ནས་གལ་ཏེ་གནག་པོ་བྱེད་རྒྱུའི་ཆེད་དུ་ཡིན་ན་ནི་ཁོ་མོས་བཤད་པའི་སྐད་ཆ་དེ་སྣང་མེད་དུ་བཞག་ན་ལེགས་ཤོས་རེད།
ཡང་ན་ཁོ་མོ་རང་ཕྱོགས་སུ་འགུག་རྒྱུའི་དོན་དུ་ཡིན་ན་ནི་ངའི་བསམ་པ་ལ།
ག་རེ་བྱེད་དགོས་མིན་ཁྱེད་རང་གིས་ཡག་ཤོས་ཤེས་ཀྱི་རེད།
ཁོ་མོས་ཁྱེད་རང་ལ་ཕན་ཐོགས་ཀྱི་མ་རེད།
ཅེས་བསམ་ཚུལ་ག་རེ་ཡོད་པ་དེ་བཤད་བྱུང་།
འོན་ཀྱང་དེས་ཁྱད་པར་གང་ཡང་བཟོས་མ་སོང་།
ངའི་སྙིང་གི་གཏིང་དུ་ཨེས་ཊྲིལ་ལཱ་མ་གཏོགས་ག་དུས་ཀྱང་གཞན་སུ་ཞིག་ལ་ཡང་ཡིད་ནས་དགའ་བ་གཏད་པ་མེད།
དེ་འདྲ་སོང་ཙང་ཁོ་མོ་ཐོབ་པའི་ཐབས་ལམ་ཡག་ཤོས་དེ་ང་རང་མི་དྲག་ཆགས་དགོས་པ་དེ་རེད་སྙམ་པ་བྱུང་།
དེ་འདྲ་ཞིག་ཆགས་པར་གང་འདྲ་བྱེད་དགོས་མིན་གྱི་རིག་པ་གང་ཡང་མེད་ཀྱང་།
སྟེས་དབང་གིས་རྐྱེན་པས་རླུང་རྟ་ཆེན་པོ་ཞིག་རྒྱུགས་པ་ལྟར་བྱུང་།།།།
ལེའུ་བདུན་པ།
འདུན་པ་ཆེན་པོ།
ངའི་ལས་ཞོར་སློབ་སྦྱོང་གི་ལོ་བཞི་པ་འགྲོ་བའི་སྐབས་དེར།
གཟའ་སྤེན་པའི་མཚན་ཞིག་ལ་ང་ཚོ་ཚང་མ་ཐབ་ཚང་ནང་དུ་མེ་ལ་བསྐོར་ནས་ཡོད་པའི་དུས་སུ་སྒོ་བརྡུང་མཁན་ཞིག་བྱུང་།
བྷི་ཌིས་སུ་ཡིན་མིན་ལྟ་བར་ཕྱིན་ཏེ།
ཚུར་ཡོང་སྐབས་ཡ་མཚན་གྱི་རྣམ་འགྱུར་དང་བཅས་མི་ཁྱད་མཚར་ཞིག་འདུག་པ་དེས་ཇཱོ་དང་།
ང་གཉིས་ལ་སྐད་ཆ་ཤོད་རྒྱུ་ཡོད་ལུགས་ཤོད་ཀྱིན་འདུག་ཟེར།
ཁོ་མོས་ཡང་ལཱ་ཞིག་སྦར་ཏེ་མཇལ་འཛོམས་ཁང་དུ་འཁྲིད་འདུག་སྐུ་ཞབས་དེ་མཐོང་མ་ཐག་ངས་ངོ་ཤེས་སོང་།
ཁོང་ནི་དེ་སྔ་མེ་ཏོག་ལྡུམ་རའི་ནང་དུ་ང་དང་ཕོ་གཞོན་དེ་གཉིས་འཐབ་འཛིང་བྱེད་ཉིན།
དེར་སྐས་འཛེགས་སྟེང་དུ་འཕྲད་པ་དེ་རེད།
ཁོ་རང་གིས་ང་ངོ་ཤེས་ཀྱི་མེད་ཀྱང་།
ངས་ནི་ཁོང་ཉིད་མགོ་ཆེན་པོ་དང་།
མིག་གཏིང་རིང་བ།
མིག་སྤུ་མཐུག་པོ་ཡིན་པ་བཅས་མཐོང་མ་ཐག་ངོ་ཤེས་བྱུང་།
ང་ཚོས་ཁོང་ནང་དུ་གདན་འདྲེན་ཞུས་ཏེ།
བཞུགས་རོགས་ཞུས་པ་ཡིན།
ཁོང་གིས་ངའི་མིང་ཇཱག་གྷར་ཡིན།
ལན་ཌན་དུ་ཁྲིམས་རྩོད་པའི་ལས་ཀ་བྱེད་ཀྱི་ཡོད།
ང་ད་རེས་ཡོང་དོན་ནི་ཁྱེད་རང་གི་ལས་གཡོག་ཕོ་གསར་འདི།
ཁོ་རང་ལ་ཕན་ཆེད་དུ་འདི་ནས་དགོངས་འཁྲོལ་ཞུ་བར་བང་ཆེན་དུ་བཅར་བ་ཡིན།
དེར་བརྟེན་ཁོ་དང་བྲལ་རྒྱུའི་དོན་དུ་ཁྱེད་རང་ལ་གང་དགོས་ཀྱི་འདུག་གམ།
ཞེས་བཤད་སོང་།
ཇཱོ་ཡིས་ཁོང་ལ་མིག་ཆེན་པོས་ཅེ་རེར་བལྟས་ནས་བསྡད་སོང་།
གང་འཚམ་ཞིག་ནས་ཇཱོ་ཡིས།
ཕིབ་ཀྱི་མདུན་ལམ་མི་འགོག་རྒྱུའི་དོན་དུ་ང་ལ་གང་ཡང་དགོས་པ་མེད།
ཅེས་ལན་བཏབ་རྗེས།
ཇཱག་གྷར་གྱིས་མགོ་གཡུགས་ཙམ་བྱས་ཏེ།
ངའི་ཕྱོགས་ལ་དོ་སྣང་སྤྲད་དེ་ཁོང་གིས།
ད་འོ་ན།
འདུན་པ་ཆེན་པོ་ཡོད་པའི་ཕོ་གསར་འདིའི་དོན་ལ་ཡོང་བ་ཡིན།
ཞེས་གསུངས་སྐབས་ཇཱོ་དང་ང་གཉིས་ཧང་སངས་ཏེ།
སྐད་ཆ་ཤོད་སྟངས་མ་ཤེས་པར་གཅིག་ངོ་གཅིག་ལ་བལྟས་ཏེ་ལུས་སྐབས།
སྐུ་ཞབས་ཇཱག་གྷར་གྱིས་ང་ལ་མཛུབ་མོ་བཙུགས་ཏེ།
ཁྱེད་རང་ས་ཁང་ཕ་གཞིས་ཀྱི་བདག་པོ་ཞིག་ཆགས་ཀྱི་ཡོད་སྐོར་ཤོད་དགོས་ཞེས་ང་ལ་བཀའ་མངགས་བྱུང་བ་མ་ཟད།
ད་ལྟའི་ས་ཁང་ཕ་གཞིས་ཀྱི་སྦྱིན་བདག་དེའི་འདོད་པར།
ཁྱེད་རང་འདི་ནས་བཏོན་ཏེ་འདུན་པ་ཆེན་པོ་དང་ལྡན་པའི་ཕོ་གཞོན་དེ་མི་དྲག་ནང་བཞིན་གསོ་སྐྱོང་བྱོས་ཞེས་མངགས་བྱུང་།
ཞེས་གསུངས་སྐབས།
ངའི་རྨི་ལམ་དང་།
འགྲུབ་མི་སྲིད་པའི་སེམས་ཀྱིས་རི་མོ་བཀོད་པ་རྣམས་མངོན་སུམ་དུ་གྱུར་སོང་།
ལྕམ་ཧབི་ཤཱམ་གྱིས་ངའི་རྒྱུ་ནོར་དབང་ཐང་ནི་ཚད་ལས་བརྒལ་བ་བཟོ་རྒྱུ་རེད་སྙམ།
ཁྲིམས་རྩོད་པ་དེས།
ཕིབ།
ཐོག་མར་ཤེས་དགོས་པ་དེ་ནི།
ང་ལ་བཀའ་མངགས་གནང་མཁན་གྱི་མི་དེའི་འདོད་པ་ལ།
ཁྱེད་རང་གི་མིང་དེ་དུས་དང་རྣམ་པ་ཀུན་ཏུ་ཕིབ་རང་འཇགས་འཇོག་དགོས།
གལ་ཏེ་ཁྱེད་རང་ལ་འདོད་མོས་མེད་ཚེ།
ད་ལྟ་གསལ་པོར་ཤོད་དགོས་པའི་སྐབས་རེད།
ཅེས་གསུངས།
ང་ནི་སྙིང་འཕར་བ་དང་།
རྣ་མཆོག་ལ་སྒྲ་སྙན་པོ་ཐོས་པའི་རྐྱེན་གྱིས་ང་ལ་དགག་བྱ་གང་ཡང་མེད་ཅེས་ཞུ་མ་ཤེས་པའི་ཚོད་ཅིག་བྱུང་ཡང་།
ཁོང་གིས་ཕལ་ཆེར་ཡོད་ཀྱི་མ་རེད།
ད་ཁྱེད་རང་གིས་ཤེས་དགོས་པའི་གནད་དོན་གཉིས་པ་དེ།
ཁྱེད་རང་ལ་ཕན་ཐོགས་བྱེད་མཁན་གྱི་མི་དེའི་མིང་དེ་ཁོ་རང་གི་འདོད་མོས་ལྟར་གསང་རྒྱ་མ་བརྟོལ་བར་དུ་གསང་བར་ཉར་དགོས།
གལ་ཏེ་ཁྱེད་རང་ལ་ཁོ་སུ་ཡིན་ནམ་སྙམ་པའི་དོགས་པ་ཡོད་ཚེ།
དོགས་པ་དེ་ཁྱེད་རང་གི་སེམས་ལ་ཉར་དགོས།
གལ་ཏེ་དེ་ལ་དགག་བྱ་འདྲ་ཡོད་ན་ད་ལྟ་ཤོད་དགོས།
ཞེས་གསུངས་པར་ངས་ཡང་བསྐྱར་དགག་བྱ་མེད་ཞུས་པ་ཡིན།
ཁོང་གིས་ཕལ་ཆེར་ཡོད་དོགས་མ་རེད།
ད་ང་ཚོས་གྲ་སྒྲིག་ཇི་ལྟར་ཡོད་མེད་སྐོར་ལ་ཞུས་ན།
ངའི་ལག་པར་ཁྱེད་རང་གི་སློབ་སྦྱོང་དང་།
མཐུན་འགྱུར་གྱི་ཆེད་དུ་དངུལ་ཕོན་ཆེན་པོ་ཞིག་བཞག་ཡོད་པས།
ང་ནི་ཁྱེད་རང་གི་མགོ་འདོན་པ་ཡིན་བསམ་པ་བྱེད་དགོས།
ཁྱེད་རང་ལ་སློབ་སྦྱོང་ཡག་པོ་སྤྲོད་རྒྱུ་བྱས་པ་རེད།
དེ་འདྲ་སོང་ཙང་ཁྱེད་རང་དགེ་རྒན་ཡག་པོ་ཞིག་ལ་རྩིས་སྤྲད་པ་ཡིན་ན།
ཁྱོད་རང་ངོས་ནས་གྲ་སྒྲིག་ཡོད་དམ།
ཞེས་དྲིས་པར་ང་ལ་སྔོན་མ་ནས་འདུན་པ་ཤུགས་ཆེ་ཡོད་ཞུས་པ་ཡིན།
སྐུ་ཞབས་ཇཱག་གྷར་གྱིས་ལྕམ་ཧབི་ཤཱམ་གྱི་སྤུན་མཆེད་ཡིན་མཁན་གྱི་དགེ་རྒན་ཞིག་ཡོད་པ་ཕལ་ཆེར་དེས་འགྲིགས་ཀྱི་རེད།
ཁོ་ནི་དཔའ་འབྱོར་ལྡན་པའི་ལྕམ་ཧབི་ཤཱམ་གྱི་སྤུན་མཆེད་སྐྱོ་བོ་ཞིག་ཡིན་པ་དང་།
ཁོའི་མིང་ལ་པོ་ཀེཊ་རེད།
སྐུ་ཞབས་མེ་ཐུ་པོ་ཀེཊ།
ཅེས་གསུངས་བྱུང་བར་ངས།
ང་དགའ་པོའི་ངང་ནས་སྐུ་ཞབས་དེའི་སྐུ་མདུན་དུ་བཅར་གྱི་ཡིན།
ཞུས་པས་ཁོང་གིས་ཡག་པོ་བྱུང་།
ཁོང་གི་ནང་ལ་བཅར་ན་ཡག་པོ་ཡོད་རེད།
བཅར་བདེ་པོ་ཡོང་བའི་གོ་སྒྲིག་བྱས་ཆོག་དང་པོ་ཁྱེད་རང་ཁོང་གི་བུ་ལན་ཌན་དུ་ཡོད་པ་དེ་ལ་ཐུག་དགོས།
ཁྱེད་རང་ལན་ཌན་དུ་ག་དུས་ཡོང་གི་ཡིན།
ཞེས་བཀའ་འདྲི་གནང་།
ངས་ཇཱོ་ལ་ལྟ་བཞིན་དུ་ལམ་སེང་ཡོང་ཐུབ་པ་འདུག་ཞུས་པས།
སྐུ་ཞབས་ཇཱག་གྷར་གྱིས་ཁྱེད་རང་ཡོང་བ་ལ་ཐོག་མར་གྱོན་ཆས་གསར་པ་འགའ་ཤས་དགོས།
དཔེར་ན།
བདུན་ཕྲག་འདིའི་རིང་ཁྱེད་རང་ལ་དངུལ་ཕྲན་བུ་དགོས་ཀྱི་ཡོད་འགྲོ།
ངས་གྷི་ནི་ཉི་ཤུ་རྩ་ལྔ་བཞག་ན་འགྲིགས་སམ།