text
stringlengths
1
22.3k
ཞེས་གསུངས།
ཨེས་ཊིལ་ལཱས་ང་ཁྱམས་ར་དེར་འཁྲིད་དེ་བསྒུག་བཅུག་པ་དང་།
དེ་ནས་བག་ལེབ་དང་ཤ་ཕྲན་བུ་ཞིག་འཁྱེར་ཡོང་ནས་ང་ལ་སྤྲོད་སྐབས།
མིག་ཟུར་ཙམ་ཡང་མ་བལྟས་པར་བཞག་ནས་ཕྱིན་སོང་།
ངས་ཁྱམས་རའི་ཟུར་དང་བདག་མེད་དུ་གནས་པའི་ལྡུམ་རའི་ནང་དུ་འཆམ་འཆམ་བྱས་པ་དང་།
དེ་ནས་ཁང་པ་ཡོད་ས་ཞིག་ཏུ་ཕྱིན་ནས་སྣང་མེད་ངང་ཁང་པ་དེའི་སྒེའུ་ཁུང་ནང་བལྟས་པས།
ཡ་མཚན་པ་ཞིག་ལ་དེའི་ནང་དུ་བུ་སྐྲ་ལོ་ལེགས་པོ་ཞིག་གི་གདོང་མཐོང་བྱུང་།
ཕོ་གཞོན་དེ་དེ་མ་ཐག་ཏུ་ཡལ་བ་ལྟ་བུར་མཐོང་རྒྱུ་མེད་པས།
གློ་བུར་དུ་ངའི་འགྲམ་ན་ཡོད་པའི་སྒོ་ཞིག་ནས་ཐོན་བྱུང་།
ཁོས་ཁྱེད་རང་ནང་ལ་སུས་བཏང་བྱུང་།
ཞེས་དྲིས་པར་ངས་ཨེས་ཊིལ་ལཱས་སྐད་བཏང་བྱུང་བརྗོད།
ཁོས་ཁྱོད་ལ་ཡར་མར་འཆམ་འཆམ་བྱེད་རྒྱུའི་གནང་བ་སུས་སྤྲད་བྱུང་ངམ།
ཟེར་བར་ངས་བུ་མོ་ཨེས་ཊིལ་ལཱས་སྤྲད་བྱུང་།
ཞེས་བཤད་རྗེས་ཕོ་གཞོན་དེས་ང་གཉིས་འཛིང་རེས་བྱེད་དགོས།
ཤོག་ཅེས་བརྗོད་པས་ང་ནི་ཧང་སངས།
ཧོན་འཐོར་ནས་ལྡུམ་རའི་ཁུག་ཀྱོག་ཅིག་ཏུ་ཁོ་པའི་རྗེས་ལ་ཕྱིན་པ་ཡིན།
དེར་ཁོ་པས་སྟོད་ཐུང་ཕུད་པ་མ་ཟད།
དམར་རྔམས་དོད་པོའི་སྒོ་ནས་འོག་འཇུག་ཀྱང་ཕུད་སོང་།
ཁོ་པ་ང་དང་ལོ་མཉམ་ཡིན་ཚོད་འདུག་ཀྱང་།
ང་ལས་གཟུགས་རིང་བ་འདུག་ཁོས་ལག་པ་གནམ་ལ་བརྐྱངས་ཏེ་ངའི་སྟེང་དུ་མཆོངས་ཡོང་སྐབས།
ང་ནི་འཇིགས་སྣང་གིས་སྙིང་གས་པ་ལྟ་བུར་གྱུར།
དེའི་སྐབས་ངས་ཁོ་ལ་གཅིག་གཞུས་ཏེ་ཁོ་པ་གན་རྐྱལ་དུ་རིལ་ནས་སྣ་ཁུང་ནས་ཁྲག་འཛར་རེ་ང་ལ་བལྟ་བཞིན་དུ་གནས།
དུས་དེ་ལས་ཡ་མཚན་པ་ཞིག་ངའི་མི་ཚེའི་ནང་བྱུང་མ་མྱོང་།
འོན་ཀྱང་ཁོ་བསྐྱར་དུ་ཡར་ལངས་ཏེ་ངའི་སྟེང་དུ་མཆོངས་བྱུང་བས།
སླར་ཡང་གན་རྐྱལ་དུ་རིལ་ནས་མིག་ནག་ཧུ་རེར་ང་ལ་བལྟ་བཞིན་འདུག་པ་དེ་ནི།
ངའི་མི་ཚེའི་ནང་དུས་སྐབས་ཡ་མཚན་ཆེ་ཤོས་གཉིས་པ་དེ་བྱུང་།
དེ་འདྲའི་ངང་ནས་ཁོས་ང་ལ་ཐེངས་གཅིག་ཀྱང་ཤུགས་ཀྱིས་བསྣུན་མ་ཐུབ་པར།
ཁོ་རང་ཕམ་ཉེས་བྱུང་བས་ད་ནི་ཁོའི་ཤུགས་ཀྱང་ཟད་འདུག་པ་མ་ཟད།
རྨས་སྐྱོན་ཆེན་པོ་བྱུང་བ་དང་།
བློ་ཕམ་གྱི་གནས་ཚུལ་ཞིག་ལ་ངས་ཁོ་ལ་གཞུ་ཚད་ཤུགས་ཆེན་པོ་ཐེབས་ཙང་།
ཁོ་བསྐྱར་ནས་བསྐྱར་དུ་ལངས་ཐབས་བྱས་རུང་མཐར་ཁོའི་མགོ་བོ་རྩིག་པར་ཤུགས་ཆེ་བརྡབས་ནས་འགྱེལ་སོང་།
དེ་ནས་ཁོས་དབུགས་གསོས་ཏེ།
ད་འགྲིགས་སོང་།
ཁྱེད་རང་ལ་རྒྱལ་ཁ་ཐོབ་སོང་།
ཞེས་བརྗོད་པར་ངས་སེམས་ཁྲལ་གྱི་ངང་ནས་བརྡབ་སྐྱོན་ཆེན་པོ་བྱུང་མ་སོང་ངམ།
རོགས་པ་བྱེད་དགོས་སམ།
ཞེས་བཤད་པར་ཁོ་པས།
ཐུགས་རྗེ་ཆེ།
ཞེས་ལན་བསློག་ཅིང་།
དེ་ནས་ངས་དེ་འདྲ་ཡིན་ན་ཉིན་གུང་བདེ་ལེགས།
ཞེས་ཁ་ཕར་འཁོར་ནས་ཕྱིན་པའི་སྐབས་དེར་ཁོ་པས་ཀྱང་ལན་འདེབས་གཅིག་པ་བྱས་བྱུང་།
ང་བར་ཁྱམས་སུ་སླེབས་དུས་ཨེས་ཊིལ་ལཱ་ཡང་ལྡེ་མིག་འཁྱེར་ཏེ་བསྒུགས་བསྡད་འདུག་དེ་དུས་ཁོ་མོར་དགའ་ཚོར་གྱི་རྣམ་པ་ཞེ་དྲགས་བྱུང་ཡོད་ཙང་།
རྒྱལ་སྒོ་ཕྱོགས་ལ་ཐད་ཀར་འགྲོ་རྒྱུའི་ཚབ་ལ་ཁང་པའི་བགྲོད་ལམ་ཕྱོགས་ལ་ཚུར་ཡོང་བ་དང་།
ང་ཡང་ཁོ་མོའི་རྗེས་ལ་འཐེན་ནས།
འདིར་ཤོག་དང་།
ཁྱེད་རང་ལ་འདོད་པ་ཡོད་ན།
ང་ལ་འོ་བྱས་ན་འགྲིགས་ཀྱི་རེད།
ཅེས་བརྗོད་པར་ངས་ཀྱང་ཁོ་མོས་འགྲམ་པ་ཚུར་བསྟན་པ་དེར་འོ་ཞིག་བྱས་པ་ཡིན།
ངའི་བསམ་པར་ངས་ཁོ་མོར་འོ་བྱེད་རྒྱུ་དེར་མནོ་བསམ་མང་པོ་གཏོང་དགོས་ཀྱང་།
ངའི་འོ་དེ་ནི་ཕལ་པའི་བུ་གླེན་པ་ཞིག་ལ་གཡོག་གླའི་དངུལ་སྤྲད་པ་ཙམ་ཞིག་མ་གཏོགས།
དེ་མིན་དགེ་མཚན་གང་ཡང་མ་བྱུང་སྙམ།
ཕོ་གཞོན་དེའི་སྐོར་ལ་བསམ་བློ་གཏོང་དུས་བདེ་པོ་རྩ་བ་ནས་མ་བྱུང་།
ཁོ་དང་འཛིང་རེས་བྱས་ནས་ཁོ་ཕམ་ཉེས་བཏང་བ་དེའི་ཐོག་ལ།
མནོ་བསམ་ཇི་ཙམ་མང་བ་བཏང་བ་དེ་ཙམ་གྱིས་ང་ལ་ཉེས་པ་ཡོད་ཚུལ་མངོན་གསལ་དོད་པོ་འདུག་ལྕམ་ཧབི་ཤཱམ་གྱི་སར་སླར་ཡང་འགྲོ་རྒྱུའི་ཉིན་དེར་ངའི་འཇིགས་སྣང་གི་ཡང་རྩེར་སླེབས་སོང་།
འོན་ཀྱང་ལྕམ་ཧབི་ཤཱམ་གྱི་སྐུ་མདུན་ལ་བཅར་དགོས་ངེས་ལ་བརྟེན་ཕྱིན་པ་ཡིན།
ཁ་སང་གི་བྱུང་རྐྱེན་དེའི་སྐོར་ལ་ཚིག་གཅིག་གླེང་སློང་མེད་པ་མ་ཟད།
ཕོ་གཞོན་དེ་ཡང་མཐོང་སར་མི་འདུག་ལྕམ་ཧབི་ཤཱམ་དང་ང་ཚོ་ཕན་ཚུན་ངོ་འདྲིས་ཆེ་རུ་ཕྱིན་པར་བརྟེན།
ཁོང་གིས་དེ་སྔོན་ངས་ག་རེ་སྦྱངས་པ་དང་།
མ་འོངས་ག་རེ་བྱ་འདོད་ཡོད་པའི་སྐོར་ལ་བཀའ་འདྲི་གནང་གི་འདུག་ངས་ཁོང་ལ་ང་རང་ཆུང་དུས་ནས་ཐག་བཅད་ཚར་བ་ལྟར།
མ་འོངས་པར་ཇཱོ་ནང་བཞིན་ཕ་ཤུལ་བུ་འཛིན་བྱེད་རྒྱུ་ཡིན་ཞེས་ཞུས་པ་ཡིན།
ཨེས་ཊིལ་ལཱས་རྒྱུན་དུ་ང་ནང་ལ་གཏོང་རྒྱུ་དང་།
ཕྱི་ལ་སྐྱེལ་བ་གནང་གི་ཡོད་ཀྱང་།
ཡང་བསྐྱར་འོ་བྱས་ན་འགྲིགས་ཀྱི་ཡོད་ཚུལ་ནམ་ཡང་གསུངས་མ་བྱུང་།
སྐབས་རེ་མོས་ང་ལ་ཐད་ཀར་ཁྱེད་རང་མཐོང་བ་ཙམ་གྱིས་ཞེ་སྡང་ལངས་ཀྱི་ཡོད་ཚུལ་ཡང་བརྗོད་བྱུང་།
ལྕམ་ཧབི་ཤཱམ་གྱིས་ཡང་ནས་ཡང་དུ་ང་ལ་སྐད་ཤུགས་ཆུང་ངུས།
ཕིབ།
ཨེས་ཊིལ་ལཱ་རྣམ་པ་མཛེས་སུ་འགྲོ་གི་འདུག་གམ།
ཞེས་འདྲི་དུས་ངས་ལགས་འདུག་ཞུས་སྐབས།
ཁོང་གིས་དགའ་སྤྲོ་འཕེལ་བ་ལྟ་བུར་བུ་མོ་དེའི་རྣ་མཆོག་གི་འཁྲིས་སུ་གསང་སྟབས་ཀྱིས།
བུ་མོ།
ཁོང་ཚོའི་སྙིང་ལ་ཟུག་རྔུ་སྐྱེ་རུ་ཆུགས་ཨང་།
སྙིང་རྗེ་བྲལ་བའི་ཐོག་ནས་ཁོང་ཚོའི་སྙིང་དུམ་བུར་ཐོངས་ཨང་།
ཞེས་གསུངས་ཀྱི་འདུག་འདི་འདྲའི་ངང་ནས་དུས་ཡུན་རིང་པོ་སོང་།
ཉིན་གཅིག་ལྕམ་ཧབི་ཤཱམ་གྱིས་ཐོག་མར་ཐུགས་སྣང་བྱུང་བ་ལྟ་བུར་ང་ལ།
ཕིབ།
ཁྱེད་རང་གཟུགས་པོ་རིང་དུ་ཕྱིན་འདུག་ཅེས་གསུངས་པ་ལས་དེ་མིན་དེ་ཉིན་གང་ཡང་གསུངས་མ་བྱུང་།
འོན་ཀྱང་ཐེངས་རྗེས་མ་དེར་ཡོང་དུས།
ཁོང་གི་ཕྱག་ཏུ་དངུལ་ཁུག་ཅིག་བསྣམས་ཏེ།
ཁྱིམ་ནང་དུ་བཞེངས་བཞུགས་འདུག་ཁོང་གིས་ཁྱོད་རང་མགར་བའི་ལས་ཀ་དེ་ག་རང་བྱས་ན་ཡག་ས་རེད།
ཅེས་དངུལ་ཁུག་དེ་ང་ལ་སྤྲད་དེ།
འདིར་དངུལ་སྲང་ཉི་ཤུ་རྩ་ལྔ་ཡོད།
ཁྱོད་རང་བུ་ཡག་པོ་ཞིག་འདུག་འདི་ཁྱོད་ཀྱི་རྔན་པ་ཡིན།
ཕིབ།
ག་ལེར་རྒྱུགས་ཨང་།
ཨེས་ཊིལ་ལཱར།
ཁོ་ཕྱི་ལོག་ལ་ཐོངས།
ཞེས་གསུངས་པར།
ངས་ལྕམ་ཧབི་ཤཱམ་ལགས།
ང་ཡང་བསྐྱར་བཅར་དགོས་རེད་དམ།
ཞེས་དྲིས་པས་ཁོང་གིས།
ཡོང་དགོས་མ་རེད།
ཨེས་ཊིལ་ལཱ་ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་དུ་འགྲོ་གི་རེད།
ཕིབ།
ད་ཁྱོད་རང་གིས་ཁོ་མོ་བརླག་བཏང་བ་རེད།
ཨེས་ཊིལ་ལཱ་ཁོ་ཕྱི་ལ་འགྲོ་ཆུགས།
ཞེས་གསུངས་གནང་སོང་།
ངར་ཡ་མཚན་སྐྱེས་པ་དང་སྦྲགས་རང་གིས་རྟོགས་མི་ཐུབ་པའི་རྒྱུ་མཚན་དེར་བློ་ཕམ་པོ་ཞིག་ཀྱང་བྱུང་།
སྐར་མ་གཅིག་གཉིས་ནང་ང་ཕྱིའི་རྒྱལ་སྒོའི་སར་སླེབས་པ་དང་།
ཨེས་ཊིལ་ལཱས་བཞད་གད་དང་བཅས།
ཕིབ།