text
stringlengths
1
22.3k
ཆར་པ་ཤུགས་ཆེན་པོ་བརྒྱབ་ཙང་།
ཇཱོ་ཡིས་ང་ཁོང་གི་རྒྱབ་ཏུ་འཁྱེར་བྱུང་།
སྐབས་དེར་ངའི་དོགས་པར་གལ་ཏེ་བཙོན་པ་དེ་འཛིན་བཟུང་ཐུབ་པ་བྱུང་ཚེ།
ཁོས་དམག་མི་རྣམས་འདི་ཕྱོགས་སུ་འཁྲིད་ཡོང་མཁན་དེ་ང་རེད་བསམ་པ་དྲན་ཨེ་ཡོང་སྙམ།
འོན་ཀྱང་ད་ནི་རང་གིས་རང་ལ་དྲི་བ་དེ་ལྟར་བྱས་ན་ཆོད་མེད་པ་མཐོང་བྱུང་།
ང་ཚོ་མེ་མདའི་སྟེགས་བུའི་ཕྱོགས་སུ་བསྐྱོད་སྐབས།
དམག་མི་ཚོ་རུ་བསྒྲིགས་ཏེ་མདུན་དུ་ཡོད་པ་དང་།
ཇཱོ་ཡིས་ང་རྒྱབ་ལ་འཁྱེར་ནས་ཁོང་ཚོའི་རྗེས་ལ་ཡོད།
ང་ཚོ་གང་འཚམས་ཤིག་ལ་བསྐྱོད་རྗེས་དེ་མ་ཐག་ཏུ་ཚང་མ་ཙོག་གེར་བསྡད་སོང་།
ཆར་པ་དང་རླུང་བསྡེབས་ནས་འཁྱེར་ཡོང་བའི་སྐད་སྒྲ་རིང་པོ་ཞིག་ཐོས་པ་དང་།
ཡང་བསྐྱར་ཉན་སྐབས་སྐད་སྒྲ་གཉིས་ཙམ་མཉམ་དུ་ཡོད་ཚོད་འདུག་ཉེན་རྟོག་པའི་སྡེ་དཔོན་དང་ཁོང་གི་རོགས་པ་ཚོ་ཚང་མ་གཡས་ཕྱོགས་སུ་རྒྱུགས་འགོ་བཙུགས་པ་དང་།
ཇཱོ་ཡང་ཁོང་ཚོའི་རྗེས་སུ་མགྱོགས་པོ་ཞེ་དྲགས་རྒྱུགས་པར་བརྟེན།
ང་ཁོའི་སྒལ་པ་ནས་མི་ཟགས་པའི་ཆེད་དུ་ཁོང་ལ་དམ་པོར་འཐམས་ནས་བསྡད་པ་ཡིན།
ང་ཚོ་སྐད་སྒྲ་ཡོད་ས་དེར་ཉེ་བར་སླེབས་དུས་མི་གཉིས་ཀྱི་སྐད་སྒྲ་ཡོད་པ་གསལ་པོ་ཞེ་དྲགས་འདུག་ང་ཚོ་སྐད་སྒྲ་ཡོད་ས་དེའི་འཁྲིས་ལ་སླེབས་དུས་སྡེ་དཔོན་སྔོན་ལ་ཕྱིན་པ་དང་།
དེའི་རྗེས་སུ་ཁོང་གི་རོགས་པ་གཉིས་ཀྱང་ཕྱིན་སོང་།
གཞན་པ་ཚོས་བསྒུག་ནས་མེ་མདའ་རྒྱབ་ཆོག་ཆོག་བྱས་ནས་བསྡད།
ས་དོང་དེའི་གཏིང་ནས་སྡེ་དཔོན་དེས།
ཁོང་ཚོ་འདིར་འདུག་ཁྱོད་རང་གཉིས་མགོ་སྒུར་ཅིག་དུད་འགྲོ་དང་འདྲ་བའི་མི་ཁྱོད་རང་གཉིས།
འདི་འདྲའི་སྡུག་པ་ལ་ཨང་།
ཡར་ཐོན་ཤོག་ཅེས་བཤད་སོང་།
དེ་ནས་ཁོང་ཚོས་གཅིག་གིས་གཅིག་ལ་ཁུ་ཚུར་གཞུ་རེས་གཏོང་བ་དང་།
ཚིག་རྩུབ་སྨྲ་བ་སོགས་བྱེད་སྐབས།
ཆུ་དང་འདམ་རྙོག་འཐོར་བས་དམག་མི་འགའ་ཤས་སྡེ་དཔོན་ལ་རོགས་བྱེད་པར་ས་དོང་ནང་དུ་ཕྱིན།
དང་པོ་ངས་ངོ་ཤེས་པའི་བཙོན་པ་དེ་དང་དེ་རྗེས་ལ་གཞན་པ་དེ་བཅས་རེ་རེ་བཞིན་ཡར་བཏོན་སོང་།
ངས་ངོ་ཤེས་བཙོན་པ་དེས་ཁོ་རང་གི་གདོང་པའི་ཁྲག་རྣམས་གོས་ཀྱི་ཕུ་ཐུང་གིས་འཕྱིད་བཞིན་པའི་ངང་ནས།
ཤེས་པར་གྱིས་ཨང་།
ངས་ཁོ་པ་ཁྱེད་རང་ལ་མགོ་བཏགས་ཞུ་རུ་བཅུག་པ་ཡིན།
དེ་ངེས་པ་གནང་ཨང་།
ཞེས་བཤད་སོང་བར།
སྡེ་དཔོན་གྱིས་དེས་ཁྱེད་རང་ལ་ཕན་ཐོགས་ཡོང་ཡག་ཡོད་པ་མ་རེད།
ལག་ལྕགས་རྒྱོབས།
ཞེས་བརྗོད་སོང་།
དེར་ངའི་ངོ་ཤེས་བཙོན་པ་དེས་བཞད་གད་དང་བཅས།
ང་ལ་ཕན་ཐོགས་དགོས་པ་གང་ཡང་མི་འདུག་ཁོས་ཧ་གོ་ན་དེ་ག་རང་གིས་ང་ལ་འགྲིགས་སོང་།
ཞེས་ཞུས་སོང་།
བཙོན་པ་གཞན་པ་དེ་ནི།
གཟུགས་པོ་ཆ་ཚང་ལ་རྨས་སྐྱོན་ཤུགས་ཆེ་བྱུང་བ་འདྲ་པོ་ཡོད་ཁར།
ཁོང་གཉིས་སོ་སོར་དབྱེ་བ་ཕྱེས་ཏེ་ལག་ལྕགས་མ་བརྒྱབ་བར་དུ་ཁོ་ལ་སྐད་ཆ་ཤོད་རྒྱུའི་དབུགས་ཀྱང་འདང་གི་མི་འདུག་དེ་ནས་ཁོས་སྐད་ཆ་དང་པོ་དེར།
ཉེན་རྟོག་པ་ཚོས་ཐུགས་སྣང་གནང་རོགས།
ཁོས་ང་གསོད་རྩིས་བྱས་བྱུང་།
ཞེས་བརྗོད་པར་ངའི་ངོ་ཤེས་བཙོན་པ་དེས་དེར་ལན་བརྒྱབ་དོན།
གསོད་རྩིས་བྱས་བྱུང་ཨེ།
ངས་གསོད་རྩིས་བྱས་ནས་མ་བསད་པ་ཁྱད་མཚར།
ངས་ཁོ་འཁྲིད་དེ་མགོ་སྒུར་བཅུག་པ་ཡིན།
ཞེས་བརྗོད་སོང་།
བཙོན་པ་གཞན་པ་དེས།
ཁོས་ང་གསོད་བྱུས་བྱས་བྱུང་།
གལ་ཏེ་ཁྱེད་རང་ཚོ་ཕེབས་མེད་ན་ང་ད་གཟོད་ཤི་ཚར་བ་ཡོད།
ཅེས་བརྗོད་སོང་བར།
ཁྱོད་རང་གཉིས་ཀ་ཁ་ཚུམས་ཤིག་གློག་བཞུ་དེ་ཚོ་སྤོར་དང་།
ཞེས་སྡེ་དཔོན་གྱིས་བཀའ་བཏང་།
དམག་མི་གཅིག་གིས་མེ་མདའི་ཚབ་ཏུ་སི་ར་ཞིག་འཁྱེར་ཡོད་པ་དེས་ཙོག་སྡོད་བྱས་ཏེ་སི་ར་ཁ་ཕྱེས་སྐབས།
ངའི་ངོ་ཤེས་བཙོན་པ་དེས་ཐོག་མར་ཁོ་རང་གི་གཡས་སུ་བལྟས་པས་ང་མཐོང་སོང་།
ངས་ཇཱོ་ཡི་སྒལ་པ་ནས་བབས་ཏེ་ས་དོང་གི་ཟུར་དེར་བསྡད་ཡོད།
ངས་ཁོ་ལ་བལྟས་ནས་ལག་པ་དང་མགོ་གཉིས་ཀྱིས་གཡུགས་ནས་རང་ལ་ཉེས་པ་མེད་ཚུལ་གྱི་མཚོན་བརྡ་སྤྲད་པ་ཡིན་པས་ཁོས་ང་ལ་བལྟས་བྱུང་ཡང་དོན་གང་ཡིན་ཤེས་མ་སོང་།
དེ་དག་ཚང་མ་དུས་ཡུན་འཁྱུག་ཙམ་ཞིག་ལ་རྫོགས་སོང་།
དམག་མི་སི་ར་འཁྱེར་བ་དེས་སྒྲོན་མེ་སྦར་ནས་སྤྲད་སོང་།
ད་གིན་ཕལ་ཆེར་ནག་ཁུང་ཆགས་གྲབས་འདུག་ཀྱང་།
ད་ཆ་རྦད་དེ་ནག་ཁུང་ཆགས་སོང་།
ང་ཚོ་མ་ཕྱིན་སྔོན་ལ་དམག་མི་བཞིས་གནམ་ལ་མེ་མདའ་ཚར་གཉིས་རེ་བརྒྱབ་སོང་།
དེ་ནས་ལམ་སེང་ང་ཚོའི་རྒྱབ་ཕྱོགས་ཀྱི་གཙང་ཆུའི་ཕ་རོལ་གྱི་འདབ་རྫབ་ཡོད་ས་ནས་སྒྲོན་མེ་སྦར་བ་མཐོང་བྱུང་།
འོ་ད་འགྲིགས་འདུག་འགྲོ།
ཞེས་སྡེ་དཔོན་གྱིས་བཤད་པ་དང་།
ང་ཚོ་ཏོག་ཙམ་ཕྱིན་རྗེས་ང་ཚོའི་མདུན་ཕྱོགས་ནས་མེ་སྒྱོགས་གསུམ་བརྒྱབ་སོང་བས།
སྐད་སྒྲ་དེས་ངའི་རྣ་མཆོག་ཀྱང་གས་པ་ལྟར་བྱུང་།
སྡེ་དཔོན་གྱིས་བཙོན་པ་དེར།
ཁྱོད་རང་བཙོན་གྲུ་བརྒྱུད་དེ་ཡོང་དགོས།
ཁོང་ཚོས་ཁྱེད་རང་ཡོང་གི་ཡོད་པ་ཤེས་ཀྱི་ཡོད།
ཕར་འགྲོ།
ཞེས་བཀའ་གནང་སོང་།
ང་ཚོ་དམག་མི་དང་བཙོན་པ་ཚོའི་རྗེས་སུ་གཙང་པོའི་འགྲམ་གྱི་ཤིང་ཁང་སྐྱོ་བོ་ཞིག་ཏུ་ཕྱིན་པ་ཡིན།
ཤིང་ཁང་གི་ཕྱི་ལ་སྒོ་སྲུང་བ་ཞིག་དང་།
ནང་དུ་དམག་མི་གསུམ་བཞི་ཞིག་ངལ་གསོ་རྒྱག་གིན་བསྡད་འདུག་སྡེ་དཔོན་དེས་གནས་ཚུལ་འགའ་ཞིག་བཤད་རྗེས་དེབ་ཅིག་གི་ནང་དུ་ཡང་བྲིས་སོང་།
ངའི་ངོ་ཤེས་བཙོན་པ་དེས་ང་ལ་རྩ་བ་ནས་བལྟས་མ་སོང་།
ང་ཚོ་ཤིང་ཁང་ནང་དུ་སྡོད་དུས་ཁོས་མནོ་བསམ་གཏོང་བཞིན་དུ་མེ་ཡོད་ས་དེར་བལྟས་ནས།
དེ་འཕྲལ་སྡེ་དཔོན་ཕྱོགས་སུ་ཁ་བསྒྱུར་ཏེ།
ངས་གྲོང་གསེབ་ནས་ཁ་ལག་ཏོག་ཙམ་བཟས་པ་ཡིན།
གྲོང་གསེབ་ནས་ལབ་པར་སྡེ་དཔོན་གྱིས།
རྐུན་མ་བརྐུས་པ་ཡིན་ཟེར་གྱི་ཡོད་དམ།
ཞེས་བར་མཚམས་བཅད་གནང་སོང་བར།
ངའི་ངོ་ཤེས་བཙོན་པ་དེས།
ང་ལྟོགས་ནས་ཤི་ཐུབ་ཀྱི་མ་རེད།
ཐུབ་ཀྱི་རེད་དམ།
ངས་ཁ་ལག་གང་ནས་འཁྱེར་ཡོད་མེད་ཁྱེད་རང་ལ་ཞུ་གི་ཡིན།
མགར་བ་དེའི་ནང་ནས་འཁྱེར་བ་ཡིན།
བག་ལེབ་ཕྲན་བུ་ཞིག་དང་།
ཕྱུ་ར།
ཨ་རག་དེ་བཞིན་ཤ་བག་ལེབ་གཅིག་བཅས་རེད།
ཅེས་བཤད་སོང་བར།
ཁྱོད་ཀྱི་ནང་ནས་ཤ་བག་ལེབ་དེ་འདྲ་བོར་བརླག་ཤོར་བ་བྱུང་སོང་ངམ།
ཞེས་སྡེ་དཔོན་དེས་ཇཱོ་ལ་དྲིས་སོང་།
ཇཱོ་ཡིས་ངའི་སྐྱེ་དམན་གྱིས་བརླག་འདུག་ལྷན་རྒྱས་ཚོ་འདིར་འབྱོར་བའི་སྐབས་དེ་ག་རང་ལ་རེད།
ཕིཔ་ཁྱེད་རང་གིས་ཧ་གོ་མ་བྱུང་ངམ།
ཞེས་ཟེར་དུས།
ངའི་ངོ་ཤེས་བཙོན་པ་དེས་ཇཱོ་ལ་བལྟས་ནས།
བྱས་ན་དགོངས་དག་ངས་ཁྱེད་ཀྱི་ཤ་བག་ལེབ་དེ་བཟས་པ་རེད།
ཅེས་བརྗོད་པར་ཇཱོ་ཡིས་འགྲིགས་འདུག་ང་ཚོས་ཁྱོད་ལྟོགས་ཤི་ཐེབས་སུ་བཅུག་ན་ག་ནས་འགྲིགས།
འགྲིགས་ཀྱི་རེད་དམ།
ཅེས་ལན་བསྐྱོན་སོང་།
བཙོན་པ་དེས་ད་དུང་མང་ཙམ་ཤོད་འདོད་ཡོད་པ་ལྟར་ཁ་འགུལ་སྐྱོད་བཏང་ཡང་།