text
stringlengths
1
22.3k
དེ་མ་ཐག་ཏུ་ང་ཚོ་ལ་རྒྱབ་བསྟན་ནས་བསྡད་སོང་།
དེ་ནས་སྐར་མ་གཅིག་གཉིས་ཤིག་གི་རྗེས་སུ།
ཁོའི་ཆེད་དུ་གྲུ་བསྒུགས་ནས་བསྡད་ཡོད།
ཅེས་པའི་སྐད་བརྡ་ཐོས་པ་དང་།
ང་ཚོ་ཁོའི་རྗེས་སུ་བབས་སྟེགས་ཡོད་སའི་བར་དུ་ཕྱིན་ནས་ཁོ་གྲུ་ཆུང་ཞིག་གི་ནང་དུ་བླུགས་པ་མཐོང་།
གྲུ་ཆུང་དེ་ཡང་ཁོ་རང་དང་འདྲ་བའི་བཙོན་པ་མང་པོས་བཏང་སོང་།
སྒྲོན་མེའི་མདངས་ཀྱི་རྐྱེན་པས་བཙོན་གྲུ་ནག་པོ་ལྕགས་ཐག་སྦོམ་པོས་བསྡམས་པ་དེ་མཚོ་འགྲམ་ནས་ཐག་ཉེ་པོ་འདུག་གྲུ་ཆུང་དེའི་ནང་བཙོན་པ་དེ་བླུགས་ནས་ཕྱིན་སོང་བས་མཐར་ཁོ་བཙོན་གྲུ་ཆེན་པོ་དེའི་ནང་ལ་བསྐྱལ་ནས་མཐོང་རྒྱུ་མེད་པར་གྱུར།
ལས་ཀ་ཚང་མ་གྲུབ་པ་ནང་བཞིན་སྒྲོན་མེ་ཚང་མ་ཆུའི་ནང་དུ་གཡུགས་ནས་མེ་ཡང་ཤི་སོང་།།།།
ལེའུ་བཞི་པ།
ལྕམ་ཧབི་ཤཱམ།
དུས་ཚོད་འགྲོ་གིན་འགྲོ་གིན་བྱས་པ་དང་དུས་མཚུངས།
ངའི་གྲོགས་པོ་བཙོན་པ་དེའི་སྐོར་བསམ་བློ་འཁོར་རྒྱུ་ཡང་ཇེ་ཉུང་ཇེ་ཉུང་དུ་ཕྱིན།
དེ་ནས་ཟླ་བ་འགའ་ཤས་ཕྱིན་ཚར་ནའང་ཁོ་པའི་གནས་ཚུལ་གང་ཡང་གོ་མ་བྱུང་།
དེ་རྗེས་གནས་ཚུལ་ཞིག་འཕྲད་པའི་རྐྱེན་ལ་བརྟེན་ནས།
ཡུན་རིང་པོའི་བར་ལ་ཁོ་ངའི་དྲན་པའི་ཡུལ་ལས་འདས་སོང་།
གནས་ཚུལ་དེ་ཡང་ཁྲོམ་འདུས་ཀྱི་ཉིན་ཞིག་རེད།
དངོས་ཆས་ཉོ་སྒྲུབ་བྱ་རྒྱུའི་ཐད་སྤྱིར་བུད་མེད་ཚོ་ཉམས་ཆོད་པོ་ཡོད་སྟབས།
ངའི་གཅེན་མོ་ཡང་རང་གི་གོམས་གཤིས་ལྟར།
དེ་ཉིན་ཨ་ཞང་པིམ་པལ་ཅུག་གི་རོགས་པར་ཁྲོམ་ལ་ཕེབས་སོང་།
ཁོང་ཚོ་མགར་ཚང་ལ་ཕྱིར་འཁོར་དུས་ཕྱི་པོ་བྱས་འདུག་ཁོང་ཚོ་ཡོང་གི་ཡོད་པའི་རྟའི་རྨིག་སྒྲ་མ་ཐོས་གོང་ནས་ནག་ཁུང་ཆགས་ཚར་འདུག་ཁོང་ཚོ་ཁྱིམ་དུ་འབྱོར་སྐབས་རྐང་པ་ནས་མིག་བར་དུ་དུག་ལོག་གིས་བཏུམ་ནས་སླེབས་སོང་།
དེ་རྗེས་ང་ཚོ་ཚང་མ་ཐབ་ཚང་ནང་དུ་འཛོམས།
ངའི་གཅེན་མོས་བྲེལ་བ་དང་དགའ་ཚོར་གྱི་ངང་ནས།
མོ་རང་གི་མགོ་བོར་བཏུམ་པའི་རས་དང་དུག་ལོག་རྣམས་ཕུད་མགོ་ཚུགས་པ་དང་སྦྲགས་ང་ལ་ཐད་ཀར་ལྟ་བཞིན་དུ།
ད་བུ་འདིས་དོ་ནུབ་བཀའ་དྲིན་ཆེན་པོ་ཡིན་མ་བསམས་ན།
དེ་ནས་ག་དུས་ཀྱང་བསམ་གྱི་མ་རེད།
ཅེས་གསུངས་པར་ཇཱོ་ཡིས་ཧང་སངས་པའི་རྣམ་འགྱུར་དང་བཅས།
ག་རེ་བྱས་ནས།
ཞེས་དྲིས་དུས་ངའི་གཅེན་མོས་གང་ཡིན་ཟེར་ན།
གྲོང་སྡེར་བཞུགས་པའི་ལྕམ་ཧབི་ཤཱམ་གྱིས་བུ་འདི་ཁོང་གི་ཁྱིམ་དུ་རྩེད་མོ་རྩེ་བར་གཏོང་དགོས་གསུངས་ཀྱི་འདུག་ཁོ་འགྲོ་ངེས་རེད།
ཁོ་དེ་གར་རྩེད་མོ་རྩེ་བར་ཕྱིན་ན་ཡག་པོ་རེད།
དེ་མིན་ན་ངས་ཁོ་ལ་སླད་ཕྱིན་ཆད་ཀྱང་དྲན་གསོས་པ་ཞིག་བཟོ་རྒྱུ་རེད།
ཅེས་གསུངས་གནང་སོང་།
གྲོང་སྡེར་བཞུགས་མཁན་ལྕམ་ཧབི་ཤཱམ་གྱི་སྐོར་ལ་ངས་གོ་མྱོང་།
ས་ཁུལ་དེའི་མེ་ལེ་འགའ་ཤས་ཀྱི་མཚམས་ན་ཡོད་པའི་མི་ཚང་མས་ལྕམ་ཧབི་ཤཱམ་གྱི་སྐོར་ལ་གོ་མྱོང་ཡོད།
ཁོང་ནི་སྐྱེ་དམན་རྒན་འཁོགས་དང་ཕྱུག་པོ་ཡིན་པ་གང་ཞིག་ལ།
ཁང་པ་རྒྱ་ཆེན་པོ་དང་ཡིད་མུག་པོ།
མཐའ་སྐོར་ཚང་མ་བཙོན་ཁང་ལྟར་ལྕགས་དྲས་བསྐོར་ནས་ཡོད་པ་ཞིག་གི་ནང་དུ་ཕྱི་མི་གཞན་སུ་ལའང་འབྲེལ་བ་མེད་པར་སྡོད་ཀྱི་ཡོད།
ཇཱོ་ཡ་མཚན་སྐྱེས་ཏེ།
དངོས་གནས་བྱས་ན་ཁོ་མོས་ཕིཔ་གང་འདྲ་བྱས་ཏེ་ངོ་ཤེས་ཀྱི་ཡོད་དམ།
ཞེས་བརྗོད་པར་ངའི་གཅེན་མོས་ལྐུགས་པ།
ཁོ་མོས་ཁོ་ངོ་ཤེས་ཀྱི་ཡོད་རེད་སུས་ཟེར་གྱི་འདུག་གམ།
ཨ་ཞང་པིམ་པལ་ཅུག་སྐབས་རེ་ཁང་གླ་སྤྲོད་པར་དེ་གར་འགྲོ་དགོས་ཀྱི་ཡོད།
དེ་དུས་ཁོ་མོས་དེ་གར་རྩེད་མོ་རྩེ་རོགས་བུ་ཞིག་ཐབས་ཤེས་ཐུབ་མིན་ཁོང་ལ་བཀའ་འདྲི་ཞུས་འདུག་ཁོང་ནི་ངའི་ངོ་ཤེས་གཞན་དང་མི་འདྲ་བ་བསམ་ཤེས་ཅན་ཞིག་ཡིན་ཙང་།
བུ་འདིའི་མིང་བཏོན་གནང་འདུག་བུ་འདི་ལྕམ་ཧབི་ཤཱམ་གྱི་སར་ཕྱིན་པ་ཡིན་ན།
ཁོ་རང་གི་གནས་སྟངས་ཡར་རྒྱས་འགྲོ་སྲིད་པ་རེད།
ཨ་ཞང་ལགས་ཀྱིས་དོ་ནུབ་ཁོ་ཁྲོམ་ལ་འཁྲིད་ནས་སང་ཉིན་ཞོགས་པ་ལྕམ་ཧབི་ཤཱམ་གྱི་ཁྱིམ་དུ་བསྐྱལ་གནང་གི་ཡིན་གསུངས་པ་རེད།
འོ་ཛི།
ངས་ཨ་ཞང་བསྒུགས་བཅུག་ད་དུང་སྐད་ཆ་ཤོད་ཀྱིན་ལངས་ནས་བསྡད།
བུ་འདི་ནི་མགོ་ནས་རྐང་པ་བར་དྲེག་པས་ཁེངས་བསྡད་འདུག་ཅེས་གསུངས་ཏེ་ངའི་སར་མཆོངས་པ་ལྟར་ཡོང་ནས་ངའི་གདོང་ཆུ་རྐ་ལའི་འོག་ཏུ་བཅུག་སྟེ་ཁྲུས་རྫས་བརྒྱབ།
ཕུར་བརྡར་བཏང་།
ཨ་ཇོར་གྱིས་ཕྱིས་ཏེ་སེམས་མི་བདེ་བ་ལྟ་བུ་བཟོས་སོང་།
ཆ་ཚང་ཚར་བ་དང་།
ང་ལ་དུག་ལོག་ལེགས་ཤོས་དེ་གཡོགས་ནས་ཨ་ཞང་པིམ་པལ་ཅུག་ལ་རྩིས་སྤྲད་དེ།
ང་ལྕམ་ཧབི་ཤཱམ་གྱི་སར་རྩེད་མོ་རྩེ་བར་གང་གི་དོན་དུ་འགྲོ་གི་ཡོད་མེད་དང་།
དེ་གར་རྩེད་མོ་ག་རེ་རྩེ་དགོས་མིན་སོགས་ཀྱི་ཤེས་ཚོར་གང་ཡང་མེད་པར་ཁྲོམ་ལ་འཁྲིད་ཕྱིན་སོང་།
སང་ཉིན་ཞོགས་པ་དེར་ཆུ་ཚོད་བཅུ་པའི་ཐོག་ཨ་ཞང་པིམ་པལ་ཅུག་དང་ང་གཉིས་ལྕམ་ཧབི་ཤཱམ་གྱི་རྒྱལ་སྒོའི་སར་སླེབས་སོང་།
རྒྱལ་སྒོར་སྒོ་ལྕགས་བརྒྱབ་ཡོད་པར་བརྟེན།
དྲིལ་བརྡ་བརྡུངས་ཏེ་མི་ཞིག་སྒོ་འབྱེད་པར་མ་སླེབས་བར་དུ་ང་ཚོས་བསྒུགས་དགོས་བྱུང་།
ང་ཚོ་བསྒུག་སྡོད་པའི་སྐབས་དེར།
ངས་རྒྱལ་སྒོའི་ཁྲ་མའི་གསེང་ནས་བལྟས་པས།
ཁང་པ་དེ་ནི་སོ་ཕག་རྙིང་པས་བཟོས་ཡོད་ལ།
བལྟས་ན་ཡིད་མུག་པ་ཞིག་འདུག་སྒེའུ་ཁུང་ཚང་མར་ལྕགས་ཀྱི་ཁྲ་མ་ཡོད་པ་མཐོང་།
ཁང་པའི་མདུན་དུ་ཁྱམས་ར་ཆེན་པོ་ཞིག་འདུག་པ་དེ་ནས་ཚུར་བུད་མེད་གཞོན་ནུ་མ་ཞིག་གིས་ལག་པར་ལྡེ་མིག་འཁྱེར་ཏེ་ཡོང་བའང་མཐོང་བྱུང་།
བུ་མོ་དེས་སྒོ་ཕྱེས་སྐབས་ཨ་ཞང་པིམ་པལ་ཅུག་གིས་འདི་ཕིཔ་རེད།
ཅེས་བརྗོད་སོང་།
གཞོན་ནུ་མ་དེ་ནི་ཧ་ཅང་མཛེས་པོ་དང་སྤོབས་པ་ཆེན་པོ་ཡོད་བཟོ་འདུག་པ་དེས་ལན་ལ་འདི་ཕིཔ་རེད།
རེད་དམ།
ནང་དུ་ཤོག་ཕིཔ།
ཅེས་ཟེར་གྱི་འདུག་ཨ་ཞང་པིམ་པལ་ཅུག་ཀྱང་ངའི་མཉམ་དུ་འཛུལ་བྱུང་བ་ཁོ་མོས་རྒྱལ་སྒོའི་འགྲམ་དུ་བཀག་སྟེ།
ལྕམ་ཧབི་ཤཱམ་ནི་བུ་འདི་གཅིག་པུ་ལ་ཐུག་འདོད་ཡོད་པ་རེད།
ཅེས་རྣམ་འགྱུར་མི་ལེགས་པ་ཞིག་བསྟན་པ་དང་ཆབས་ཅིག་ཁོང་གི་མདུན་དུ་སྒོ་བརྒྱབ་ཏེ་སྒོ་ལྕགས་ཀྱང་བརྒྱབ་སོང་།
དེ་ནས་ཁོ་མོས་མགྱོགས་པོ་གྱིས།
བུ།
ཞེས་སྨྲས་ཏེ་ང་ཚོ་ཕྱིན་པས་ཁོང་ནི་རྒྱལ་སྒོའི་འགྲམ་དུ་ཧོན་འཐོར་ཏེ་ལུས་སོང་།
ཁོ་མོ་ནི་ང་རང་དང་ལོ་མཉམ་འདྲ་ཡང་ང་ལ་བུ་ཞེས་བརྗོད་བྱུང་།
མཐོང་སྣང་ལ་ཁོ་མོ་ང་ལས་རྒན་བཟོ་དོད་པ་འདུག་བུ་མོ་ཞིག་ཡིན་པའི་ཆ་ནས་ཁོ་མོ་ནི་བྱད་གཟུགས་ལེགས་པ།
སྤོབས་ཉམས་དང་ལྡན་པ་ཞིག་འདུག་ཀྱང་།
ཁོ་མོས་རང་ཉིད་རྒྱལ་པོའི་བཙུན་མོ་ཡིན་པ་ནང་བཞིན།
ང་ལ་མི་འདོད་པ་དང་མཐོང་ཆུང་གི་རྣམ་འགྱུར་སྟོན་གྱི་འདུག་ང་གཉིས་ཁང་པའི་ནང་དུ་ཟུར་སྒོ་ཞིག་བརྒྱུད་དེ་ཕྱིན་པས།
ཐོག་མར་དོ་སྣང་བྱུང་བ་ལ་ཁང་པའི་བར་ཤུར་ཡོངས་རྫོགས་ནག་ཁུང་ཡིན་པ་དང་།
ཡང་ལཱ་ཞིག་སྦར་ཏེ་བཞག་འདུག་ཁོ་མོས་ཡང་ལཱ་དེ་འཁྱེར་ཏེ་ང་ཚོ་སྐས་འཛེགས་ཤིག་བརྒྱུད་དེ་ལམ་ཐག་གང་འཚམ་རིང་པོར་བསྐྱོད་ནའང་།
ད་དུང་ནག་ཁུང་ཡིན་པས་ཡང་ལཱ་གཅིག་པུ་དེ་རང་གིས་ལམ་གསལ་ལེར་སྟོན་ཅིང་།
མཐའ་མཇུག་དེར་ང་ཚོ་ཁང་པ་ཞིག་གི་སྒོ་འགྲམ་དུ་འབྱོར་བས་ཁོ་མོས་ནང་ལ་རྒྱུགས།
ཞེས་ལབ་བྱུང་།
ངས་བུ་མོ་ལགས།
ཁྱེད་རང་གི་རྗེས་ལ་ཡོང་གི་ཡིན།
ཞུས་པར་ཁོང་གིས་བུ།
ལྐུགས་རྟགས་མ་སྟོན།
ང་ནང་དུ་འགྲོ་གི་མིན།
ཞེས་ལན་བསྐྱོན་པ་དང་ང་ལ་མཐོང་ཆུང་གི་རྣམ་འགྱུར་དང་བཅས་དེ་ནས་ཕྱིར་ལོག་སྐབས།
སྟབས་མི་ལེགས་པ་ཞིག་ལ་ཡང་ལཱ་དེ་ཡང་མཉམ་དུ་འཁྱེར་ནས་ཕྱིན་སོང་།
རང་ཉིད་གཅིག་པུ་དེར་ལུས་པར་བརྟེན།
ཞེད་སྣང་གང་འཚམ་བྱུང་ཡང་ངས་སྒོ་བརྡུངས་པས་ནང་ལོགས་ནས་ཡར་ཤོག་ཅེས་པའི་སྐད་ཅིག་ཐོས་བྱུང་།
དེ་འཕྲལ་ང་ནང་དུ་འཛུལ་བས་དེར་ཁང་པ་ཆེན་པོ།
དཀར་ཆ་ནི་ཡང་ལཱའི་སྒྲོན་མེའི་འོད་ཀྱིས་གསལ་བ་ཞིག་མ་གཏོགས།
ཉི་འོད་ཀྱི་མདངས་ཙམ་ཡང་མཐོང་རྒྱུ་མེད་པ་ཞིག་ལ་སླེབས་འདུག་ལག་སྐྱོར་ཅན་གྱི་རྐུབ་སྟེགས་ཤིག་གི་སྟེང་དུ་ངས་སྔོན་ཆད་མཐོང་མ་མྱོང་བ་དང་།
ཕྱིན་ཆད་འདི་ལྟར་མཐོང་གི་མ་རེད་སྙམ་པའི་ཡ་མཚན་ཅན་གྱི་བུད་མེད་ཅིག་ཡོད་པ་དེས།
རང་ཉིད་ཀྱི་མགོ་བོ་ལག་པ་ཡ་གཅིག་གི་སྟེང་དུ་གཡོར་ནས་བསྡད་འདུག་ཁོང་གིས་རིན་ཐང་ཆེན་པོ་ཡིན་པའི་རྒྱུ་ཆ་ལས་གྲུབ་པའི་ན་བཟའ་དཀར་པོ་ཞིག་གྱོན་འདུག་དེ་བཞིན་ལྷམ་དཀར་པོ་དང་།
བུད་མེད་ཀྱི་གདོང་ཁེབས་སེང་རས་དཀར་པོ་རིང་པོ་ཞིག་སྐྲའི་ལོགས་ནས་འཕྱང་བ་དང་མཉམ་དུ།
བག་མ་གཏོང་ལེན་སྐབས་འདོགས་རྒྱུའི་མེ་ཏོག་གཅིག་སྐྲ་ལ་བཏགས་འདུག་ཁོང་གི་སྐྲ་ཡང་དཀར་པོ་རེད།